།།བམ་པོ་བདུན་པ། དེ་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་སེངྒེའི་ཁྲི་པདྨོའི་སྙིང་པོ་ཅན་དེ་ཉིད་ལ་འདུག་སྟེ། དེའི་ཚེ་སངས་རྒྱས་ཀྱི་མཐུས་ཏིང་ངེ་འཛིན་སངས་རྒྱས་ཐམས་ཅད་དེ་བཞིན་ གཤེགས་པ་རྣམ་པར་སྣང་མཛད་ཀྱི་སྐུའི་སྙིང་པོ་ཞེས་བྱ་བ་དེ་བཞིན་གཤེགས་པ་ཐམས་ཅད་མཉམ་པ་ཉིད་ཀྱི་རྗེས་སུ་སོང་བའི་རང་བཞིན། ཆོས་ཀྱི་དབྱིངས་ཀྱི་གཟུགས་བརྙན་རྣམ་པར་ [121B] ནམ་མཁའི་དབྱིངས་ཆགས་པ་མེད་ཅིང་རྒྱ་ཆེ་བ་ཁྱབ་པར་བྱེད་པའི་རང་བཞིན། ཆོས་ཀྱི་དབྱིངས་རྒྱ་མཚོའི་ཀློང་མཉམ་པ་ཉིད་ཀྱི་རྗེས་སུ་སོང་ཞིང་ཤིན་ཏུ་བརྡལ་བའི་ཚོགས་ ཆོས་ཐམས་ཅད་ཀྱི་སྒོའི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ཡང་དག་པར་འབྱུང་བས་རྒྱས་པར་འགེངས་པ། ཕྱོགས་ཐམས་ཅད་དུ་ཡང་དག་པར་ཞུགས་པའི་ཆོས་ཀྱི་དབྱིངས་ཀྱི་ལུས་ཀྱིས་ཀུན་ནས་ ཡོག་པར་བྱས་པའི་རང་བཞིན་གྱི་སྙིང་པོ་ཅན། དུས་གསུམ་གྱི་སངས་རྒྱས་འབྱུང་བའི་ཡེ་ཤེས་སྣང་བ་རྒྱ་མཚོའི་ཀློང་ཕྱོགས་ཐམས་ཅད་དུ་སྒོ་ཀུན་ནས་ཚུལ་རྒྱ་མཚོ་རྣམ་པར་རིག་པར་བྱ་ བས་མངོན་དུ་ཡང་དག་པར་སྟོན་པ། སངས་རྒྱས་ཐམས་ཅད་ཀྱི་སྟོབས་དང་རྣམ་པར་ཐར་བས་བྱང་ཆུབ་སེམས་དཔའི་ཡེ་ཤེས་ཀྱི་ལུས་རྒྱས་པར་འགེངས་པའི་སྙིང་པོ་ཅན། ཞིང་འབྱམས་ཀླས་པ་ ཐམས་ཅད་མ་ལུས་པར་ཆོས་ཀྱི་དབྱིངས་སུ་འཇུག་པས་རྒྱས་པར་འགེངས་པའི་ཡེ་ཤེས་དང་ལྡན་པ། སངས་རྒྱས་ཀྱི་ཡོན་ཏན་རྒྱ་མཚོ་ཐམས་ཅད་ཡོངས་སུ་གྲུབ་པར་བྱེད་པ། བསྐལ་པ་ཐམས་ཅད་ དུ་སྨོན་ལམ་རྒྱ་མཚོས་རྣམ་པར་སྣང་བར་བྱེད་པའི་འོད་ཅན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་འཁོར་ལོ་སྟོན་ཅིང་རྗོད་པའི་བྱིན་གྱི་རླབས་ལ་མཉམ་པར་བཞག་པར་གྱུར་ཏོ། །ཇི་ ལྟར་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོས་བཅོམ་ལྡན་འདས་ཀྱི་ཞབས་ཀྱི་དྲུང་དུ་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་སངས་རྒྱས་ཐམས་ཅད་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱི་སྐུའི་ [122A]༄༅། །སྙིང་པོ་ཞེས་བྱ་བ་འདི་ལ་མཉམ་པར་བཞག་པ་དེ་བཞིན་དུ། འཇིག་རྟེན་གྱི་ཁམས་འབྱམས་ཀླས་པ་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། ནམ་མཁའི་དབྱིངས་ཀྱི་མཐས་གཏུགས་ པ༑ ཕྱོགས་རྒྱ་མཚོ་ཐམས་ཅད་ཀྱི་ཁོངས་སུ་གཏོགས་པ། དུས་གསུམ་ཐམས་ཅད་ན་ཡོད་པའི་སངས་རྒྱས་ཀྱི་ཞིང་འབྱུང་བའི་ཁམས་ཆོས་ཀྱི་དབྱིངས་རྒྱ་ཆེན་པོས་ནོན་པའི་རིགས་སུ་གཏོགས་ པ༑ ཤིན་ཏུ་ཕྲ་ཞིང་བསྒྲིབས་པ་མེད་པ་དང། ཕྱོགས་རྒྱ་ཆེན་པོ་རྒྱ་མཚོ་ཐམས་ཅད་སྣང་བ་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་རིས་སུ་གཏོགས་པས་རྣམ་པར་ནོན་པ། དེ་བཞིན་གཤེགས་ པའི་སྤྱན་གྱིས་རྣམ་པར་གཟིགས་པ། སངས་རྒྱས་ཀྱི་སྟོབས་ཐོགས་པ་མེད་པས་ཆུད་པ། ཆོས་ཀྱི་དབྱིངས་དང་སངས་རྒྱས་ཀྱི་སྐུ་ཐམས་ཅད་ཀྱི་གཟུགས་བརྙན་རབ་ཏུ་སྣང་བས་ཆོས་ ཀྱི་དབྱིངས་ཀྱི་རྡུལ་མ་ལུས་པ་ཀུན་ཏུ་གཏོགས་པ། ཆོས་ཀྱི་དབྱིངས་མ་ལུས་པ་ཐམས་ཅད་དུ་རྒྱས་པར་གང་བའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཤིན་ཏུ་ཕྲ་བ་དང་མཉམ་པ་དག་ ཏུ་རྡུལ་ཕྲ་མོ་རེ་རེ་ལའང་ཞིང་འཇིག་རྟེན་གྱི་ཁམས་རྒྱ་མཚོ་རྡུལ་ཤིན་ཏུ་ཕྲ་བ་སྙེད་ལ་རབ་ཏུ་ཞུགས་ནས་ཞིང་རེ་རེ་ཞིང་ཡང་དེ་བཞིན་གཤེགས་པ་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཤིན་ཏུ་ཕྲ་ བ་སྙེད་ལ་རབ་ཏུ་ཞུགས་ཏེ། དེ་བཞིན་གཤེགས་པ་རེ་རེའི་ཞབས་ཀྱི་དྲུང་དུ་ཡང་ལུས་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱིས་ཏིང་ངེ་འཛིན་སངས་རྒྱས་ཐམས་ཅད་དེ་བཞིན་ [122B]བ་འདི་ལ་མཉམ་པར་བཞག་གོ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོས་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་སངས་རྒྱས་ཐམས་ཅད་དེ་ བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱི་སྐུའི་སྙིང་པོ་ཞེས་བྱ་བ་དེ་ལ་མཉམ་པར་བཞག་པའི་རྗེས་ལ་དེའི་ཚེ་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་འབྱམས་ཀླས་པ་ཐམས་ཅད་ནས་དེ་བཞིན་ གཤེགས་པ་ཐམས་ཅད་ཀྱིས་ཞལ་བསྟན་ཏོ། །ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་འདི་སྐད་ཅེས་ཀྱང་བཀའ་སྩལ་ཏོ། །རིགས་ཀྱི་བུ། ཁྱོད་དེ་ལྟར་བྱང་ཆུབ་སེམས་ དཔའི་ཏིང་ངེ་འཛིན་སངས་རྒྱས་ཐམས་ཅད་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱི་སྐུའི་སྙིང་པོ་འདི་ལ་མཉམ་པར་གཞག་པ་ལེགས་སོ། །ལེགས་སོ། །ཀྱེ་རྒྱལ་བའི་སྲས། ཁྱོད་ལ་ཕྱོག་[*PHYOGS?] བཅུའི་དེ་བཞིན་གཤེགས་པ་འདི་དག་ཐམས་ཅད་ཀྱང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་འདིའི་སྔོན་གྱི་སྨོན་ལམ་གྱི་བྱིན་གྱི་རླབས་དང། ཁྱོད་ཀྱི་སངས་རྒྱས་ཐམས་ ཅད་ཀྱི་སྨོན་ལམ་དང། སྤྱོད་པ་ཡོངས་སུ་དག་པའི་ཡང་མཐུས་འདི་ལྟ་སྟེ། སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་དང། དེ་བཞིན་གཤེགས་པའི་ཡེ་ཤེས་རྒྱ་མཚོ་ཐམས་ཅད་ཀྱི་ རྣམ་པར་དབྱེ་བ་དང། ཆོས་ཐམས་ཅད་ཀྱི་ཚུལ་གྱིས་ཕྱོགས་རྒྱ་མཚོ་མ་ལུས་པར་སྣང་བར་བྱ་བ་དང། སེམས་ཅན་གྱི་ཁམས་ཐམས་ཅད་ཀྱི་ཀུན་ནས་ཉོན་མོངས་པ་དང། རྣམ་པར་བྱང་བ་དང་ [123A]༄༅། །ཆགས་པ་མེད་པར་འཇིག་རྟེན་གྱི་ཁམས་འབྱམས་ཀླས་པ་ཐམས་ཅད་ཡོངས་སུ་གནོན་པ་དང། སངས་རྒྱས་ཀྱི་ཡུལ་ཐམས་ཅད་ལ་ཆགས་པ་མེད་པར་འཇུག་པར་ བྱ་བ་དང། སངས་རྒྱས་ཀྱི་འཁོར་ཐམས་ཅད་སྒོ་ཀུན་ནས་རབ་ཏུ་བརྗོད་པ་དང། ཆོས་ཀྱི་ཚུལ་གྱི་དཀྱིལ་འཁོར་ཐམས་ཅད་ལ་ཞུགས་པས་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་གཟུང་བ་དང། ཆོས་ ཀྱི་སྣང་བ་ཐམས་ཅད་ཀྱི་ཚུལ་རྣམ་པར་བལྟ་བ་དང། སེམས་ཅན་གྱི་དབང་པོ་རྒྱ་མཚོ་ཐམས་ཅད་ཡོངས་སུ་ཤེས་པར་བྱ་བ་དང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་གི་ཡན་ལག་ རྒྱ་མཚོའི་དབྱངས་ཡོངས་སུ་གཟུང་བའི་ཕྱིར་བྱིན་གྱིས་རློབ་པ་མཛད་དོ། །དེ་ནས་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་ལ་ ཐམས་ཅད་མཁྱེན་པ་ཉིད་ཀྱི་སྟོབས་ལ་རབ་ཏུ་འཇུག་པའི་ཡེ་ཤེས་ཀྱང་ཉེ་བར་བསྒྲུབས་སོ། །ཆོས་ཀྱི་དབྱིངས་མཐའ་དང་དབུས་མེད་པ་ལ་རབ་ཏུ་འཇུག་པའི་ཡེ་ཤེས་ཀྱང་ཉེ་བར་བསྒྲུབས་སོ། ། དུས་གསུམ་གྱི་སངས་རྒྱས་ཀྱི་དཀྱིལ་འཁོར་ཐམས་ཅད་ཡང་དག་པར་འབྱུང་བའི་ཡེ་ཤེས་ཀྱང་ཉེ་བར་བསྒྲུབས་སོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་ཐམས་ཅད་འཇིག་པ་དང་འདུ་བའི་ཡེ་ཤེས་ ཀྱང་ཉེ་བར་བསྒྲུབས་སོ། །ཆོས་ཀྱི་དབྱིངས་འབྱམས་ཀླས་པ་མཐའ་དང་དབུས་མེད་པའི་ཡེ་ཤེས་ཀྱང་ཉེ་བར་བསྒྲུབས་སོ། །སངས་རྒྱས་ཀྱི་རྣམ་པར་ཐར་པ་ཟབ་མོ་ཐ་མི་དད་པ་དང། ཏིང་ངེ་འཛིན་ [123B]བསྒྲུབས་སོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་དབང་པོ་རྒྱ་མཚོ་ལ་རབ་ཏུ་འཇུག་པའི་ཡེ་ཤེས་ཀྱང་ཉེ་བར་བསྒྲུབས་སོ། །སེམས་ཅན་ ཐམས་ཅད་ཀྱི་སྐད་རྒྱ་མཚོ་དང། ཆོས་ཀྱི་འཁོར་ལོའི་ངེས་པའི་ཚིག་གི་ཡེ་ཤེས་ཀྱང་ཉེ་བར་བསྒྲུབས་སོ། །འཇིག་རྟེན་གྱི་ཁམས་མང་པོ་ཐམས་ཅད་ཀྱི་རྗེས་སུ་སོང་ཞིང་ཆོས་ཀྱི་དབྱིངས་ཐམས་ ཅད་དུ་ལུས་ཡང་དག་པར་གཞོལ་བའི་ཡེ་ཤེས་ཀྱང་ཉེ་བར་བསྒྲུབས་སོ། །སངས་རྒྱས་ཀྱི་གསུང་གི་ཡན་ལག་དང་སྒྲ་དབྱངས་ཀྱང་ཉེ་བར་བསྒྲུབས་སོ། །ཇི་ལྟར་འཇིག་རྟེན་གྱི་ཁམས་འདིའི་བཅོམ་ ལྡན་འདས་ཀྱི་ཞབས་ཀྱི་དྲུང་ན་འདུག་པ་ལ་ཉེ་བར་བསྒྲུབས་པ་དེ་བཞིན་དུ་འཇིག་རྟེན་གྱི་ཁམས་ཐམས་ཅད་རྒྱས་པར་བཀང་སྟེ། འཇིག་རྟེན་གྱི་ཁམས་རྒྱ་མཚོ་དག་དང་རྡུལ་ཤིན་ཏུ་ཕྲ་བའི་ཁོངས་ ན་ལུས་འཁོད་པ་ཐམས་ཅད་ལ་ཡང་ཉེ་བར་བསྒྲུབས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི། འདི་ལྟར་ཏིང་ངེ་འཛིན་དེ་ཉིད་ཀྱི་ཆོས་ཉིད་ཐོབ་པའི་ཕྱིར་རོ། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་ སྤྲུལ་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་ཕྱག་གཡས་པ་མཚན་དང་དཔེ་བྱད་བཟང་པོས་རྣམ་པར་མཛེས་པར་བརྒྱན་པ། འོད་ཟེར་གྱི་དྲ་བའི་མེ་ཏོག་སྣ་ཚོགས་ཤིན་ཏུ་རྒྱས་པ། འོད་ཀྱི་ དཀྱིལ་འཁོར་རྣམ་པར་དག་པའི་སྤྲིན་འགྱེད་པ། རིན་པོ་ཆེ་འོད་འཕྲོ་བ་ཐམས་ཅད་ཀྱི་སྤྲིན་གྱིས་རྣམ་པར་གསལ་བར་གྱུར་པ་ཕྱོགས་ཐམས་ཅད་དུ་སྤོས་འོད་འཕྲོ་བའི་སྤྲིན་གྱི་འོད་ཀྱིས་རྣམ་པར་སྣང་ [124A]༄༅། །པ༑ སངས་རྒྱས་ཐམས་ཅད་ཀྱི་གསུང་གི་ཡན་ལག་གི་དཀྱིལ་འཁོར་གྱི་རྗེས་སུ་སྒྲ་འབྱིན་པ། སངས་རྒྱས་ཐམས་ཅད་ཀྱི་རྣམ་པར་འཕྲུལ་པ་དང། ཁྱུ་མཆོག་གི་མཐུ་ ཕྱུང་བ་ཡང་དག་པར་སྟོན་པ། བྱང་ཆུབ་སེམས་དཔའ་འདས་པ་དང། མ་འོངས་པ་དང། ད་ལྟར་བྱུང་བ་རྣམས་ཀྱི་ཀུན་ཏུ་བཟང་པོའི་སྨོན་ལམ་གྱི་དཀྱིལ་འཁོར་རབ་ཏུ་སྣང་བ་རྣམ་པར་སྟོན་པ་ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་འཁོར་ལོའི་སྣང་བ་ཡང་དག་པར་སྟོན་པ། དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཟུགས་བརྙན་འབྱུང་བ་རྣམས་བརྐྱངས་ཏེ། བྱང་ ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱི་བོར་བཞག་གོ་འདིར་ཇི་ལྟ་བ་དེ་བཞིན་དུ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་ཐམས་ཅད་དང་རྡུལ་ཤིན་ཏུ་ཕྲ་བའི་ཁོངས་ན་ཡོད་པ་ཐམས་ཅད་དུ་ཡང་ དེ་བཞིན་གཤེགས་པའི་ཞབས་ཀྱི་དྲུང་དག་ཏུ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱི་བོ་ལ་ཕྱག་རྒྱ་མཚོའི་སྤྲིན་རྣམས་རབ་ཏུ་བཞག་གོ། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ལ་སངས་ རྒྱས་བཅོམ་ལྡན་འདས་དེ་དག་གིས་རེག་མ་ཐག་ཏུ་དེ་ནས་དེའི་མོད་ལ་ཏིང་ངེ་འཛིན་དེ་ལས་ལྡང་བའི་སྒོ་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དུས་གསུམ་ཐམས་ཅད་ དུ་སེམས་ཀྱི་སྐད་ཅིག་རེ་རེ་ལ་ཏིང་ངེ་འཛིན་ལས་ལྡང་བའི་ཡེ་ཤེས་མ་འདྲེས་པ་ལ་མཁས་པ་དང། ཏིང་ངེ་འཛིན་ལས་ལྡང་བའི་བྱིན་གྱི་རླབས་ཀྱི་སྒོ་ཆོས་ཀྱི་དབྱིངས་དང། དུས་གསུམ་དུ་མཉམ་ [124B] སངས་རྒྱས་ཀྱི་ཞིང་འདས་པ་དང། མ་འོངས་པ་དང། ད་ལྟར་བྱུང་བ་ཐམས་ཅད་ཀྱི་སྒོ་དང། སེམས་ཅན་མ་ལུས་པའི་གནས་ཐམས་ཅད་དང་མཉམ་ཞིང་སེམས་ ཅན་ཐམས་ཅད་ཀྱི་སེམས་རྒྱ་མཚོ་ལ་འཇུག་པའི་སྒོ་དང། སེམས་ཅན་ཐམས་ཅད་ཀྱི་ལུས་དང་མིང་གི་འཁོར་ལོ་ལས་ལྡང་བའི་སྒོ་དང་ཕྱོགས་མཚམས་ཐམས་ཅད་དུ་ཆོས་ཀྱི་དབྱིངས་རྣམ་པར་ འབྱེད་པའི་སྒོ་དང། རྡུལ་ཤིན་ཏུ་ཕྲ་བ་ཐམས་ཅད་དུ་སངས་རྒྱས་ཀྱི་སྐུའི་སྤྲིན་མཐའ་དང་དབུས་མེད་པར་འབྱམས་ཀླས་པའི་སྒོ་དང། ཆོས་ཀྱི་ཚུལ་རྒྱ་མཚོ་ཐམས་ཅད་རབ་ཏུ་བསྟན་པའི་སྒོ་དག་ ནས་ལངས་པར་གྱུར་ཏེ། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ཏིང་ངེ་འཛིན་ལས་ལངས་མ་ཐག་ཏུ་དེའི་ཚེ་བྱང་ཆུབ་སེམས་དཔའ་དེ་དག་ཀྱང་སོ་སོར་རེ་ཞིང་ཏིང་ངེ་འཛིན་རྒྱ་མཚོའི་སྤྲིན་འཇིག་རྟེན་ གྱི་ཁམས་རྒྱ་མཚོའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ལ་རབ་ཏུ་ཞུགས་པར་གྱུར་ཏོ། །གཟུངས་རྒྱ་མཚོའི་སྤྲིན་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ལ་ཡང་རབ་ཏུ་ཞུགས་པར་གྱུར་ཏོ། ། ཆོས་ཀྱི་ཚུལ་རྒྱ་མཚོའི་སྤྲིན་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ལ་ཡང་རབ་ཏུ་ཞུགས་པར་གྱུར་ཏོ། །སོ་སོ་ཡང་དག་པར་རིག་པའི་ཚུལ་རྒྱ་མཚོའི་སྤྲིན་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་ རྡུལ་ཤིན་ཏུ་ཕྲ་བ་སྙེད་ལ་ཡང་རབ་ཏུ་ཞུགས་པར་གྱུར་ཏོ་།སྤྱོད་པ་རྒྱ་མཚོའི་སྤྲིན་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ལ་ཡང་རབ་ཏུ་ཞུགས་པར་གྱུར་ཏོ། །ཆོས་ཀྱི་དབྱིངས་ཀྱི་ [125A]༄༅། །ཕྱོགས་སུ་རྣམ་པར་སྣང་ཞིང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་སྣང་བའི་ཡོན་ཏན་གྱི་སྙིང་པོ་ཅན་རྒྱ་མཚོའི་སྤྲིན་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་ རྡུལ་ཤིན་ཏུ་ཕྲ་བ་སྙེད་ལ་ཡང་རབ་ཏུ་ཞུགས་པར་གྱུར་ཏོ། །དེ་བཞིན་གཤེགས་པའི་སྟོབས་དང། ཡེ་ཤེས་མ་འདྲེས་པའི་ཚུལ་རྒྱ་མཚོའི་སྤྲིན་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་རྡུལ་ ཤིན་ཏུ་ཕྲ་བ་སྙེད་ལ་ཡང་རབ་ཏུ་ཞུགས་པར་གྱུར་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བ་སྤུའི་རྩེ་མོ་ཐམས་ཅད་ལ་ཞིང་གཞན་དང་གཞན་རྒྱ་མཚོའི་སྤྲིན་འཇིག་རྟེན་ཁམས་རྒྱ་ མཚོའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ལ་ཡང་རབ་ཏུ་ཞུགས་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་རེ་རེ་ཞིང་དགའ་ལྡན་གྱི་གནས་ནས་འཕོ་བ་དང། འབྱུང་བ་དང། བྱང་ཆུབ་ཏུ་རྣམ་པར་འཚང་ རྒྱ་བ་དང། མྱ་ངན་ལས་འདས་པ་བསྟན་པ་རྒྱ་མཚོའི་སྤྲིན་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ལའང་རབ་ཏུ་ཞུགས་པར་གྱུར་ཏོ། །འདིར་ཇི་ལྟ་བ་དེ་བཞིན་དུ་འཇིག་ རྟེན་གྱི་ཁམས་རྒྱ་མཚོ་ཐམས་ཅད་ན་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་རྒྱ་མཚོ་རྣམས་དང་རྡུལ་ཤིན་ཏུ་ཕྲ་བ་ཐམས་ཅད་ཀྱི་ཁོངས་ན་ཡོད་པ་ཀུན་ཏུ་ཡང་བྱང་ཆུབ་སེམས་ དཔའ་རྒྱ་མཚོ་རྣམས་རབ་ཏུ་ཞུགས་པར་གྱུར་ཏེ། སངས་རྒྱས་ཀྱི་མཐུ་དང། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་ཏིང་ངེ་འཛིན་གྱི་ཆོས་ཉིད་རབ་ཏུ་ཐོབ་པས་ཕྱོགས་བཅུའི་འཇིག་རྟེན་ [125B]དུ་གཡོས་ཏེ། རིན་པོ་ཆེ་ཐམས་ཅད་ཀྱིས་རབ་ཏུ་བརྒྱན་པར་གནས་ཤིང། ཆོས་རྒྱ་མཚོ་ཐམས་ཅད་ཀྱི་སྒྲ་ཡང་ཤིན་ཏུ་གྲག་པར་ གྱུར་ཏེ༑ དེ་བཞིན་གཤེགས་པའི་འཁོར་གྱི་དཀྱིལ་འཁོར་རྒྱ་མཚོ་ཐམས་ཅད་དུ་ཡང་ནོར་བུའི་རྒྱལ་པོ་ཆེན་པོ་བཅུའི་སྤྲིན་གྱི་ཆར་མངོན་པར་བབ་པར་གྱུར་ཏེ། བཅུ་གང་ཞེ་ན། འདི་ལྟ་སྟེ་ ནོར་བུའི་རྒྱལ་པོ་མཚན་དང་ལྡན་པའི་གསེར་དཔལ་གྱི་རྒྱལ་མཚན་གྱི་དཔལ་གྱི་སྤྲིན་ཆར་མངོན་པར་བབ་བོ། །འདི་ལྟ་སྟེ། ནོར་བུའི་རྒྱལ་པོ་འོད་ཀྱིས་རྣམ་པར་གསལ་བར་བྱེད་པའི་སྤྲིན་གྱི་ ཆར་མངོན་པར་བབ་བོ། །འདི་ལྟ་སྟེ། ནོར་བུའི་རྒྱལ་པོ་ཕྱོགས་བཅུར་རིན་པོ་ཆེའི་འཁོར་ལོ་རབ་ཏུ་འགྲེམ་པའི་སྤྲིན་གྱི་ཆར་མངོན་པར་བབ་བོ། །འདི་ལྟ་སྟེ། ནོར་བུའི་རྒྱལ་པོ་བྱང་ཆུབ་སེམས་དཔའི་ གཟུགས་བརྙན་རིན་པོ་ཆེའི་སྙིང་པོའི་སྤྲིན་གྱི་ཆར་མངོན་པར་བབ་བོ། །འདི་ལྟ་སྟེ། ནོར་བུའི་རྒྱལ་པོ་སངས་རྒྱ་ཐམས་ཅད་ཀྱི་མཚན་གྱི་འཁོར་ལོ་རབ་ཏུ་སྒྲོག་པའི་སྤྲིན་གྱི་ཆར་མངོན་པར་བབ་ བོ༑ ༑འདི་ལྟ་སྟེ། ནོར་བུའི་རྒྱལ་པོ་ཞིང་རྣམ་པར་སྣང་བར་བྱེད་ཅིང་སྙིང་པོ་བྱང་ཆུབ་ཏུ་དཔལ་རབ་ཏུ་འབར་བའི་སྤྲིན་གྱི་ཆར་མངོན་པར་བབ་བོ། །འདི་ལྟ་སྟེ། ནོར་བུའི་རྒྱལ་པོ་ཕྱོགས་བཅུར་སྣང་བའི་ སྤྲུལ་པ་འགྱེད་པའི་སྤྲིན་གྱི་ཆར་མངོན་པར་བབ་བོ། །འདི་ལྟ་སྟེ། ནོར་བུའི་རྒྱལ་པ་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཡོན་ཏན་གྱི་འཁོར་ལོ་དང་མཐུ་རབ་ཏུ་གྲག་པར་བྱེད་པའི་སྤྲིན་གྱི་ཆར་ [126A]༄༅། །མངོན་པར་བབ་བོ། །འདི་ལྟ་སྟེ། ནོར་བུའི་རྒྱལ་པོ་ཉི་མའི་དཔལ་གྱི་གཟི་བརྗིད་ཀྱི་སྤྲིན་གྱི་ཆར་མངོན་པར་བབ་བོ། །འདི་ལྟ་སྟེ། ནོར་བུའི་རྒྱལ་པོ་རོལ་མོའི་སྒྲ་ཡིད་ དུ་འོང་བས་ཕྱོགས་ཐམས་ཅད་ཁྱབ་པར་བྱེད་པའི་སྤྲིན་གྱི་ཆར་མངོན་པར་བབ་སྟེ། ནོར་བུའི་རྒྱལ་པོའི་སྤྲིན་གྱི་ཆར་བཅུ་པོ་འདི་དག་མངོན་པར་བབ་པར་གྱུར་ཏོ། །དེ་བཞིན་གཤེགས་པ་ཐམས་ ཅད་ཀྱི་བ་སྤུའི་སྒོ་ཐམས་ཅད་དང། འོད་ཟེར་གྱི་སྒོ་ཐམས་ཅད་ནས་ཀྱང་ཚིགས་སུ་བཅད་པ་འདི་དག་བྱུང་བར་གྱུར་ཏོ། །ཞིང་རྣམས་འབྱམས་ཀླས་ཀུན་ན་ཀུན་ཏུ་བཟང་པོ་དེ། །པདྨོ་ཡིད་དུ་འོང་ ལ་རབ་ཏུ་འདུག་པ་མཐོང། །ཀུན་ཏུ་རྣམ་འཕྲུལ་རྣམ་པ་འདི་འདྲ་སྟོན་བྱེད་པ། །ཏིང་འཛིན་ཡུལ་ལ་འཇུག་པ་མཐའ་དང་དབུས་མེད་དོ་།ལུས་རྣམས་ཐམས་ཅད་ནས་ཀྱང་ཀུན་ཏུ་བཟང་པོ་དེ། ། སྤྲུལ་པ་རབ་ཏུ་འགྱེད་ཅིང་ཆོས་དབྱིངས་རྟག་པར་འགེངས། །ཏིང་འཛིན་ཀུན་གྱི་ཚུལ་དང་མིང་དང་རྣམ་འཕྲུལ་བ། །ཐམས་ཅད་དབྱངས་ཀྱིས་ཆགས་པ་བྱེད་པར་རྒྱ་ཆེ་སྒྲོག། ཏིང་འཛིན་ཐམས་ ཅད་གཞན་དང་གཞན་གྱི་རྣམ་འཕྲུལ་གྱིས། །དེ་བཞིན་གཤེགས་པ་ཐམས་ཅད་ཞབས་ཀྱི་དྲུང་དག་ཏུ། །རྒྱལ་བ་ཀུན་གྱི་སྤྱོད་ཡུལ་ཡངས་པ་གང་བྱས་ཏེ། །ཞིང་རྣམས་ཀུན་ཏུ་རྣམ་པར་འཕྲུལ་ བ་མང་པོ་སྟོན། །ཞིང་ཀུན་རྒྱལ་བ་ཀུན་གྱི་ཞབས་དྲུང་ཇི་བཞིན་དུ། །དེ་ལྟར་ཞིང་ཀུན་ཤིན་ཏུ་ཕྲ་བའི་རྡུལ་ཕྲན་ལ། །ཏིང་འཛིན་རྣམ་པར་འཕྲུལ་པ་ཐམས་ཅད་མ་ལུས་སྟོན། །རྣམ་པར་སྣང་ [126B] །ཀུན་ཏུ་བཟང་པོའི་ལུས་ནི་ནམ་མཁའི་མཚན་ཉིད་དོ། །ཐམས་ཅད་ཞིང་ལ་མི་གནས་དེ་བཞིན་ཉིད་ལ་གནས། །ལུས་ཀྱི་སྤྲིན་ནི་འགྲོ་བ་ཀུན་དང་མཉམ་ པར་ཀུན་བཀྱེ་ཞིང། །སེམས་ཅན་ཀུན་ལ་བསམ་པ་བཞིན་དུ་དེ་དག་སྟོན། །སངས་རྒྱས་སྐུ་རྣམས་ཀུན་ལ་ཞིང་རྣམས་གང་ཡོད་པ་།མཐའ་དང་དབུས་མེད་ཀུན་ལ་རབ་ཏུ་ཞུགས་པ་རྣམས། །ཀུན་ ཏུ་བཟང་པོའི་སྨོན་ལམ་གནས་པ་དག་ལ་བསྟན། །རྣམ་པར་འཕྲུལ་པ་འདི་འདྲ་དམ་པ་ཚད་ཀྱང་མེད། །འཁོར་རྣམས་རྒྱ་མཚོ་རྡུལ་བྲལ་མཐའ་དང་དབུས་མེད་པ། །ཚད་མེད་ཐམས་ཅད་ལུས་ ཀྱི་ནང་དུ་ཀུན་ཆུབ་ཅིང། །དབྱངས་ལ་ཞིང་མང་དྲ་བར་རྣམ་འཚང་རྒྱ་བསྟོད། །སྐད་ཅིག་སེམས་ལ་བསྐལ་པ་མང་པོ་དེ་བཞིན་སྟོན། །ཞིང་རྣམས་ཐམས་ཅད་འབྱམས་ཀླས་པ་ན་རྣམ་གྲགས་ཤིང། ། རྣམ་པར་འཕྲུལ་པ་དམ་པ་བསྟན་པར་རབ་ཏུ་སྣང། །ཕྱོགས་རྣམས་ཀུན་གྱི་ཞིང་གི་དབྱིངས་རྣམས་མ་ལུས་སྤྱོད། །ཀུན་ཏུ་བཟང་པོ་དེ་ལ་རྣམ་ལྟ་ཀུན་ཀྱང་མཐོང། །རྒྱལ་བ་ཀུན་གྱི་ཡོན་ཏན་ཡེ་ཤེས་ སྟོབས་ལ་ཞུགས། །ཏིང་འཛིན་ས་ནི་ཚུལ་རྣམས་ཀུན་གྱིས་རབ་ཏུ་མནན། །ཆོས་རྣམས་འབྱམས་ཀླས་གཞན་དང་གཞན་ལ་རབ་ཏུ་ཞུགས་།རང་གི་བྱང་ཆུབ་སྤྱོད་པ་སྔོན་ཆད་སྤྱད་པ་སྟོན། །དེ་ལྟར་ ཞིང་རྣམས་ཀུན་ཏུ་བསམ་ཡས་རྣམ་འཕྲུལ་བ། །ཕྱོགས་རྣམས་རྒྱ་ཆེ་ཀུན་ཏུ་བཀང་སྟེ་རབ་ཏུ་བསྟན། །ཏིང་ངེ་འཛིན་རྣམས་འཇུག་པ་རབ་ཏུ་བསྟན་པའི་ཕྱིར། །རྒྱལ་བའི་འོད་ཟེར་སྤྲིན་ལས་ཡོན་ [127A]༄༅། །ཏན་ལེགས་སྒྲ་འབྱུང། །དེ་ནས་བྱང་ཆུབ་སེམས་དཔའི་འཁོར་ཡོད་པ་ཐམས་ཅད་སངས་རྒྱས་ཀྱི་མཐུས་ཐལ་མོ་སྦྱར་ཏེ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ལ་ལྟ་ ཞིང་དབྱངས་ཀྱི་ང་རོག་ཅིག་ཏུ་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །རྒྱལ་བ་ཐམས་ཅད་ཆོས་ལས་སྐྱེས་པ་སྟེ། །སྨོན་ལམ་ཀུན་གྱིས་སངས་རྒྱས་རབ་ཏུ་འབྱུང། །དེ་བཞིན་ཉིད་མཉམ་ ནམ་མཁའི་སྙིང་པོ་སྟེ། །ཆོས་ཀྱི་སྐུ་ཡིས་རྣམ་པར་རབ་ཏུ་མཛེས། །ཞིང་རྣམས་འབྱམས་ཀླས་ཀུན་ལ་བཞུགས་མེད་ཀྱང། །ཀུན་ཏུ་བཟང་པོའི་འཁོར་རྣམས་ཀུན་ན་སྣང། །ཕྱོགས་བཅུ་ ཀུན་ཏུ་ཡོན་ཏན་གྲགས་པས་ཁྱབ། །ཡེ་ཤེས་རྒྱ་མཚོ་རབ་ཏུ་སྣང་བ་མངའ། །རྒྱལ་བ་ཐམས་ཅད་སྐུ་ཐོབ་ཕྱིར་སྤྱོད་པ། །ཕྱོགས་བཅུའི་ཡོན་ཏན་རྒྱ་མཚོ་ཡོད་པ་རྣམས། །རྡུལ་སྦུབས་ཀུན་ ཏུ་དེ་དག་ཆུད་བྱས་ཤིང། །ཞིང་རྣམས་ཀུན་ཏུ་རྣམ་པར་རབ་ཏུ་མཛེས། །ཞིང་རྣམས་ཀུན་གྱི་རྒྱལ་བའི་ཞབས་དྲུང་ན། །རྒྱལ་སྲས་ཏིང་ངེ་འཛིན་དང་སྤྱད་པ་དང། །ཆོས་རྣམས་ཀུན་ལ་སྤྱོད་ ཅིང་གནས་པ་རྣམས། །རྡུལ་དང་མཉམ་པའི་བསྐལ་པར་ཀུན་ཀྱང་སྣང། །ཆོས་ཀྱི་དབྱིངས་རྣམས་ལུས་ཀྱིས་ཁྱབ་བྱས་ཤིང། །ཞིང་རྣམས་འབྱམས་ཀླས་ཀུན་ལ་ཤིན་ཏུ་བཞུགས། ། སེམས་ཅན་རྒྱ་མཚོའི་དོན་དུ་དེ་སྤྱོད་ཅིང། །རྡུལ་ཕྲན་ཀུན་ལ་ཆོས་ཀྱི་དབྱིངས་སུ་ཞུགས། །ཆོས་ཀྱི་དབྱིངས་ལ་དེ་ལྟར་ཞུགས་ནས་ཀྱང། །རྡུལ་ཕྲན་ཀུན་ལ་མི་ཟད་ཐ་མི་དད། །ནམ་མཁའི་ [127B] །རྒྱལ་བའི་ཆོས་རྣམས་ཡངས་པ་རབ་ཏུ་སྟོན། །ཡོན་ཏན་རྒྱ་མཚོ་འོད་ཀུན་གཞལ་དུ་མེད་།རྣམ་ཡངས་སྟོབས་ཆེན་འོད་ཟེར་ཡོན་ཏན་སྤྲིན། །འགྲོ་བ་རྒྱ་ མཚོའི་དོན་དུ་སྤྱོད་བྱེད་ཅིང། །རྒྱལ་བའི་སྤྱོད་ལམ་གཞལ་དུ་མེད་པ་སྟོན། །གང་གི་དོན་དུ་བསྐལ་པ་རྒྱ་མཚོ་དག་མཐའ་ཡས་པར་ནི་བཟང་པོའི་སྤྱོད་སྤྱད་པ། །དེ་དག་ཆོས་ཀྱི་དབྱིངས་རྣམས་ གང་བྱས་ནས། །ཐམས་ཅད་ཆོས་ཀྱི་སྤྲིན་ལས་རབ་ཏུ་བརྗོད། །ཞིང་རྣམས་ཇི་ལྟར་འབྱུང་བར་འགྱུར་བ་དང། །སྟོབས་བཅུ་རྣམས་ཀྱང་ཇི་ལྟར་འབྱུང་འགྱུར་དང། །སེམས་ཅན་རྒྱ་མཚོ་ཇི་ལྟར་ འབྱུང་འགྱུར་བ། །སེམས་ཅན་རྣམས་ལ་སྒྲ་དབྱངས་གཏོང་ཞིང་སྟོན། །འཁོར་རྣམས་ཡངས་པ་འདི་དག་ཐམས་ཅད་ཀྱང། །ཀུན་ཏུ་གཟང་པོ་ཁྱོད་ལ་མངོན་སུམ་གནས། །སངས་རྒྱས་ཀུན་གྱིས་ གནང་བར་གྱུར་པ་ཡི། །ཆོས་ཀྱི་འཁོར་ལོ་དེ་རིང་ཁྱོད་ཀྱིས་བསྐོར། །ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། སངས་རྒྱས་ཕལ་པོ་ཆེ་ཞེས་བྱ་བ་ལས། ཀུན་ཏུ་བཟང་པོའི་ཏིང་ངེ་འཛིན་དང། རྣམ་པར་ འཕྲུལ་པ་རབ་ཏུ་འབྱུང་བ་ཞེས་བྱ་སྟེ། ལེའུ་གསུམ་པའོ།།